(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར། ཅོ་ནེ་རྫོང་གིས་རྫོང་ཐད་གཏོགས་སྡེ་ཁག་གི་ལས་ཁུངས་དང་ཞིང་ཆེན་དང་ཁུལ་གྱི་ཅོ་ནེ་རུ་བཅའ་སྡོད་བྱེད་པའི་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་རྩ་འཛུགས་བྱས་ཏེ། བྱ་རྒོད་ཀླུ་ཆུའི་ཟམ་ཆེན་ནས་མ་རུ་གྲོང་རྡལ་བསིལ་བོ་མདོ་སྡེ་བའི་ཤར་སྣེའི་བར་གྱི་ཆུ་བོའི་འགྲམ་རྒྱུད་དང་གཞུང་ལམ་གཙོ་བོའི་ས་ཁོངས་སུ“ང་དང་ལྗང་མདོག་མཉམ་སྐྱོད་བྱེད་པ་དང་སྐྱེ་ཁམས་དཔལ་ཡོན་ལ་སྐུལ་འདེད་བཏང་ནས་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས”ཞེས་པའི་བརྗོད་དོན་གཙོ་བོའི་ལག་ལེན་བྱ་འགུལ་སྤེལ་བ་དང་། དུས་མཚུངས་སུ་ཤང་དང་གྲོང་རྡལ་ཁག་གིས་ལས་བྱེད་པ་དང་མང་ཚོགས་རྩ་འཛུགས་བྱས་ནས་ཁོངས་གཏོགས་ཁུལ་དུ་བརྗོད་དོན་གཙོ་བོའི་འབྲེལ་ཡོད་བྱ་འགུལ་སྤེལ།
རྫོང་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་བས་འགན་འཁྲིའི་ས་བགོས་ཁུལ་གྱི་ཆུ་བོའི་འགྲམ་རྒྱུད་ཀྱི་གད་སྙིགས་དང་བེད་མེད་དངོས་རོ། རྡོ་དང་སོ་ཕག གཞུང་ལམ་གཡས་གཡོན་གྱི་འཚོ་བའི་གད་སྙིགས། གང་འདོད་དུ་སྤུང་གསོག་བྱས་ཡོད་པའི་འཛུགས་སྐྲུན་རྒྱུ་ཆ། འཛུགས་སྐྲུན་གད་སྙིགས་སོགས་དང་། དེ་མིན་ཀླུ་ཆུའི་འགྲམ་ངོགས་གཉིས་ཀྱི་བགྲོད་ལམ་གྱི་ལན་ཀན་ཐོག་ཏུ་གང་འདོད་དུ་སྦྱར་བའི་བརྡ་ཁྱབ་བྱང་བུ་སོགས་གཙང་སེལ་བྱས་པ་མ་ཟད། ཚོང་ཟོག་གང་འདོད་དུ་སྤུངས་ཡོད་པའི་ཚོང་ཁང་གི་སྒོ་འགྲམ་དང་། ཤོག་བྱང་སྣ་ཚོགས་གང་འདོད་དུ་སྦྱར་བའམ་བཀལ་ཡོད་པའི་སྒོ་དང་སྒེའུ་ཁུང་། གཞུང་ལམ་འགྲམ་རྒྱུད་ཀྱི་སྡོད་ཁང་གི་མདུན་རྒྱབ་བཅས་ཀྱི་ཁོར་ཡུག་གཙང་སྦྲ་ལ་གཅིག་བསྡུས་སྒོས་སྒྲིག་བཅོས་བྱས།
ཉེ་བའི་ལོ་འགའི་རིང་དུ། ཅོ་ནེ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མཛུབ་སྟོན་དུ་བཟུང་བ་དང་། རྒྱལ་ཁབ་ཀྱིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བ་ལག་བསྟར་བྱེད་པའི་གོ་སྐབས་དམ་འཛིན་ནན་མོ་བྱས་ཏེ། “‘གནོད་མེད་ལྔའི་ཀན་ལྷོ’འཛུགས་སྐྲུན་བྱེད་པ་དང‘བཅུ་ཡོད་གཞིས་ཁྱིམ’གསར་སྐྲུན་བྱེད་པ། མདོ་དབུས་མཐོ་སྒང་གི་ལྗང་མདོག་དེང་རབས་ཅན་གྱི་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་བ”བཅས་ཀྱི་འབད་འཐབ་དམིགས་འབེན་ལ་དམ་པོར་དམིགས་ནས། རྫོང་ཡོངས་ཀྱི་ལས་རིགས་སོ་སོའི་མི་དམངས་རྣམས་བྱ་འགུལ་གྱི་ཁྲོད་དུ་ཞུགས་ནས་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད།།
རྩོམ་སྒྲིགཔ། པདྨ་འཚོ།
|