中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་ནན་ཁའེ་སློབ་ཆེན་དུ་འཚོགས་པ།
དུས་ཚོད།2016-10-19 15:20:51     རྩོམ་གྱི་ཡོང་ཁུངས། མཚོ་སྔོན་པོ་དྲ་བ།    ཆུང་། | འབྲིང་། | ཆེ།
བགྲོ་གླེང་ཚོགས་འདུའི་ཟུར་ཞིག
ཉེ་ལམ། བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་ནན་ཁའེ་སློབ་གྲྭ་ཆེན་མོར་བདེ་བླག་ངང་འཚོགས་ཤིང་། སློབ་གསོ་པུའུ་ཡི་རྒྱ་ཡིག་ཆེད་ལས་ཀྱི་སློབ་ཁྲིད་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཐེན་ཅིན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི། ནན་ཁའེ་སློབ་གྲྭ་ཆེན་མོའི་རིག་གཞུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཁྲེན་ཧུང་དང་། ནན་ཁའེ་སློབ་གྲྭ་ཆེན་མོའི་རྩོམ་རིག་སློབ་གླིང་གི་འགན་འཛིན་པ་ཧྲེན་ལི་ཡན། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བཙན་ལྷ་ངག་དབང་ཚུལ་ཁྲིམས། ཨ་མེ་རི་ཁའི་སི་མད་སོ་ནི་ཡན་སློབ་གླིང་གི་དམངས་སྲོལ་དང་རིག་གནས་ཤུལ་བཞག་ལྟེ་གནས་ཀྱི་སྐད་ཡིག་རིག་གནས་བསྐྱར་དར་ཁང་གི་འགན་འཛིན་པ་མཱ་རི་ལིན(Mary S.Linn)དང་ནན་ཁའེ་སློབ་གྲྭ་ཆེན་མོའི་སྐད་བརྡ་ཞིབ་འཇུག་སུའོ་ཡི་འགན་འཛིན་པ་ཧྲི་ཧྥེང་བཅས་འབྲེལ་ཡོད་འགོ་ཁྲིད་དང་ཆེད་མཁས་པ་དག་བགྲོ་གླེང་ཚོགས་འདུ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ། གཞན་ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ལ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན་དོར་ཞི་གདོང་དྲུག་སྙེམས་བློ་དང་མཚོ་སྔོན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བིས་མདོ་བ་བདེ་མཆོག  ནན་ཁའེ་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ། མིང་དུ་གྲགས་པའི་རྒྱའི་བརྡ་སྤྲོད་ཆེད་མཁས་པ། ཀྲུང་གོའི་སྐད་ཡིག་དེང་རབས་ཅན་སློབ་ཚོགས་ཀྱི་ཚོགས་གཙོ་མཱ་ཆིན་ཀྲུའུ་བཅས་ཀྱིས་བསྐུར་བའི་ཤིས་ཚིག་ཀྱང་འབྱོར། ནན་ཁའེ་སློབ་གྲྭ་ཆེན་མོའི་རྒྱ་བོད་སྐད་བརྡ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཡེ་ཤེས་འོད་གསལ་ཨ་ཚོགས་ཀྱིས་བགྲོ་གླེང་ཚོགས་འདུ་ལ་གཙོ་སྐྱོང་མཛད།
ཐེངས་འདིའི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུའི་སྟེང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་དགེ་རྒན་ཆེན་མོ་སུན་ཧུང་ཁའེ་དང་ཀྲུང་གོ་མི་དམངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཆུས་ཨའེ་ཐང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དཔའ་རིས་སངས་རྒྱས་དང་ཧྭ་ཁན། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ། ཨ་མེ་རི་ཁའེ་ཨོ་རེ་ཀོན་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དང་བརྡ་སྤྲོད་སློབ་གླིང་གི་འགན་འཛིན་པ་སི་ཀོ་ཐེ་དེ་ལན་སེས(Scott DeLancey)དང་སུད་སུ་པར་ནེ་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཇོར་ཇི་ཝེན་དྲོམ་མུ(George van Driem) པེ་ཅིན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་གཞོན་པ་ལིན་ཡོ་ཅིང་། ཧྲེང་ཧའེ་དགེ་ཐོན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དཀོན་མཆོག   མཚོ་སྔོན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ་དང་ཞུ་ཆེན་ལོ་ཙཱ་བ་ཆམ་ཚང་པདྨ་ལྷུན་གྲུབ།  ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཚེ་དབང་ལྷ་མོ། དེ་མིན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ཀྲུང་ཧྲན་སློབ་གྲྭ་ཆེན་མོ། བོད་ལྗོངས་སློབ་གྲྭ་ཆེན་མོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ། ནན་ཁའེ་སློབ་གྲྭ་ཆེན་མོ། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་། རྔ་བ་ཁུལ་དགེ་ཐོན་སློབ་གླིང་སོགས་སློབ་གྲྭ་དང་ཞིབ་འཇུག་སྡེ་ཁག་དག་ནས་ཕེབས་པའི་བོད་ཀྱི་སྐད་བརྡ་ཆེད་མཁས་པ་སུམ་ཅུ་ལྷག་ལྷན་དུ་འཛོམས་ནས་བོད་ཀྱི་སྐད་ཡིག་རིག་གནས་ཞིབ་འཇུག་གི་མིག་སྔའི་གནས་བབ་དང་རྩིས་འཁོར་སྐད་བརྡ་རིག་པ། བོད་ཀྱི་ཡུལ་སྐད་སོགས་ཟུར་སྣེ་མི་འདྲ་བ་ནས་བགྲོ་གླེང་གནང་བ་དང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་ཆུ་རྫོང་དཔའ་སྡེ་སྡེ་བའི་དང་བླངས་དགེ་རྒན་གདུགས་དཀར་ལགས་ཀྱིས་དུས་ཡུན་རིང་བོར་གཞི་རིམ་གྱི་མང་ཚོགས་དང་སློབ་མ་རྣམས་ལ་བོད་ཀྱི་སྐད་ཡིག་རིག་གནས་སློབ་ཁྲིད་བྱས་པའི་མཉམ་མྱོང་ལས་འཕྲོས་ཏེ་གླེང་མོལ་མཛད། རྒྱ་བོད་སྐད་བརྡ་རིག་པའི་དབྱར་སྦྱོང་འཛིན་གྲྭའི་སློབ་མ་ཡོངས་ཐེངས་འདིའི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུར་ཟུར་ཞུགས་བྱས།
གཞན་རྒྱ་བོད་སྐད་བརྡ་རིག་པའི་དབྱར་སྦྱོང་འཛིན་གྲྭ་སྐབས་དང་པོའང་སྤྱི་ཟླ8པའི་ཚེས21ཉིན་ནས་སྤྱི་ཟླ9བའི་ཚེས2ཉིན་བར་ནན་ཁའེ་སློབ་གྲྭ་ཆེན་མོ་ནས་འཚོགས་ཤིང་།  རྒྱལ་ཁབ་ཕྱི་ནང་གི་མིང་དུ་གྲགས་པའི་དགེ་རྒན་དགུ་གདན་ཞུ་བྱས་ཏེ་བོད་ཁུལ་གྱི་སློབ་གྲྭ་སོ་སོ་དང་གཞན་མི་རིགས་སྐད་ཡིག་གི་ལས་གཉེར་སློབ་མ38ལ་ཁྱོན་བསྡོམས་ཉིན་བཅུ་གསུམ་གྱི་རིང་ལ་ལོ་རྒྱུས་སྐད་བརྡ་རིག་པ་དང་རྒྱ་བོད་སྐད་བརྡའི་ལོ་རྒྱུས་ཞིབ་བསྡུར། བོད་འབར་སྐད་ཀྱི་ཞིབ་འཇུག  ཡུལ་དངོས་རྟོག་ཞིབ།  སྒྲ་གདངས་ཚོད་ལྟའི་སྤྱོད་ཐབས།  རྒྱལ་སྤྱིའི་སྒྲ་རྟགས།  རྒྱུན་སྤྱོད་སྐད་བརྡ་རིག་པའི་མཉེན་ཆས་ཀྱི་བཀོལ་སྤྱོད།  ཡུལ་སྐད་ཀྱི་ཟིན་བཀོད་དང་ཉར་ཚགས་སོགས་ཀྱི་ཐད་ནས་སློབ་ཁྲིད་གནང་། ཐེངས་འདིའི་དབྱར་སྦྱོང་འཛིན་གྲྭ་བརྒྱུད་སློབ་མ་ཚོའི་སྐད་བརྡ་རིག་པའི་གཞུང་ལུགས་ཀྱི་རྨང་གཞི་དང་ཞིབ་འཇུག་གི་ཐབས་ལམ། རིག་གཞུང་གནད་དོན་གྱི་གཞིག་སྟངས་ཐད་ཀྱི་ཆུ་ཚད་མཐོར་འདེགས་སུ་བཏང་བ་མ་ཟད།  ཡུལ་སྐད་རྟོག་ཞིབ་ཀྱི་ཐབས་ལམ་དང་བརྡ་སྐད་རིག་པའི་ཞིབ་འཇུག་དང་འབྲེལ་བའི་མཉེན་ཆས་བཀོལ་སྤྱོད་ཐད་ལ་ཕན་ནུས་ཆེན་པོ་ཐོན།
ཐེངས་འདིའི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་དང་རྒྱ་བོད་སྐད་བརྡ་རིག་པའི་དབྱར་སྦྱོང་འཛིན་གྲྭ་སྐབས་དང་པོ་ནི་ནན་ཁའེ་སློབ་གྲྭ་ཆེན་མོའི་རྒྱ་བོད་སྐད་བརྡ་ཞིབ་འཇུག་ལྟེ་གནས་དང་མཚོ་སྔོན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པ། ཧྲང་ཧའེ་དགེ་ཐོན་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་བཅས་ཀྱིས་མཉམ་སྒྲུབ་མཛད་པ་ཡིན་ལ། བོད་ཀྱི་སྐད་ཡིག་རིག་གནས་སྔར་ལས་ལྷག་པར་གོང་འཕེལ་དང་ན་གཞོན་སློབ་མ་མང་པོར་ཆེད་ལས་རང་བཞིན་གྱི་སྐད་བརྡ་རིག་པའི་སློབ་སྦྱོང་གི་སྟེགས་བུ་ཞིག་འདོན་སྤྲོད་བྱ་ཆེད་མ་འོངས་པར་དེ་འབྲེལ་གྱི་ལས་ཀ་མུ་མཐུད་དུ་བསྒྲུབ་འཆར་ཡོད་པས་དཔྱོད་ལྡན་ཀུན་གྱིས་ཐུགས་ཁུར་དང་རྒྱབ་སྐྱོབ་གནང་བར་བཀའ་དྲིན་ཞུ།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།