中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། བོད་ཀྱི་སྦྱར་རྩིའི་རིག་གནས།
དུས་ཚོད།2016-10-21 15:53:54     རྩོམ་གྱི་ཡོང་ཁུངས།བོད་ལྗོངས་ཚགས་པར་ཁང་།    ཆུང་། | འབྲིང་། | ཆེ།
   ཤེས་རིག་གིས་ཕྱུག་པའི་བོད་མི་དམངས་ཀྱིས་གངས་ལྗོངས་ས་མཐོར་ཕྱི་རབས་པའི་འཚོ་རྩིས་ལ་སྨན་པའི་ཤེས་བྱ་རིག་གནས་གང་ལ་ཅི་དགོས་གསར་གཏོད་བྱས་ནས། འཛམ་བུ་གླིང་གི་མི་རིགས་འདྲ་མིན་ཁྲོད་དུ་ངོ་གནོང་མི་དགོས་པའི་གནས་བབ་བཏོད་ཡོད་ཅིང་། རིག་པའི་གནས་ཆེ་ཆུང་འདྲ་མིན་གྱི་ཁྲོད་དུ་སྦྱར་རྩིའི་རིག་གནས་ཀྱང་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་དག ལ་ལ་ད་དུང་བེད་སྤྱོད་བྱེད་བཞིན་ཡོད་པ་དང་ལ་ལ་དེང་སང་གི་ཚན་རྩལ་ལག་རྩལ་གྱིས་ཚབ་བྱས་ཡོད་པས། རྗེས་རབས་པ་མང་པོའི་ཤེས་རྟོགས་ཀྱི་བློ་མིག་ལོང་ནས། བོད་ས་མཐོའི་མི་རབས་མང་པོས་ལོངས་སུ་སྤྱོད་མྱོང་བའི་མེས་པོའི་བློ་གྲོས་ཀྱི་འབྲས་རྟགས་དེ་དག་ནི། ཕྱི་རབས་པ་ཚོས་ཤེས་པར་བྱ་བའི་རྣམ་གྲངས་གལ་བོ་ཆེ་ཞིག་ཡིན་པ་ལྟར། བོད་ཀྱི་སྦྱར་རྩིའི་རིག་གནས་ལ་ཤེས་རྟོགས་རོབ་ཙམ་བྱེད་པ་ནི་དགོས་པ་རྒྱུ་མཚན་དང་ལྡན་པ་ཞིག་རེད།
སྤྱིན་བཟོ་བའི་ལག་རྩལ།
   སྤྱིན་ནི་ཤིང་གི་སྦྱར་རྩིར་མེད་ཐབས་མེད་པ་མ་ཟད། ཐང་ག་བཞེངས་བ་དང་། ལྡེབས་རིས་འབྲི་བ། ཁང་ཚོན་གཏོང་བ་སོགས་ལ་མེད་ཐབས་མེད་པ་མཐོང་ཆོས་སུ་གྱུར། དཔྱད་གཞིའི་ཡིག་ཆ་དག་ལས་སྤྱིན་ལ་དབྱེ་ན་ཕྱུགས་ཟོག་གི་ཀོ་བའི་སྤྱིན་དང་། རྟ་ལྤགས་ཀྱི་སྤྱིན། རྭ་སྤྱིན། ཉ་སྤྱིན། བསེ་རུའི་སྤྱིན་སོགས་ཡོད་ལ། དེ་དག་གི་ཁ་དོག་དང་། ནུས་པ། རྒྱུ་ཆ་སོ་སོའི་འཕྲོད་ཚད་བཅས་མི་འདྲ་བས་སྤྱོད་གོ་ཡང་མི་འདྲ་བ་རེ་ཡོད་པར་གྲགས། འོན་ཀྱང་བོད་ཀྱི་ས་ཁམས་དང་ཐོན་ཁུངས་སོགས་དབང་གིས་ཀོ་སྤྱིན་དང་རྭ་སྤྱིན་གཉིས་གཙོ་བོར་སྤྱོད་ཀྱི་ཡོད། ཀོ་སྤྱིན་བཟོ་བའི་ཀོ་བ་ལེགས་ཤོས་ནི་དཔྱིད་དུས་ཤི་བའི་ཕྱུགས་ཟོག་ཡིན་ན། པགས་པར་ཞག་ཚིལ་ཉུང་བས་བཟང་བར་བརྩི་གི་ཡོད། སྤྱིར་ཀོ་སྤྱིན་བཟོ་སྐབས་ཀོ་བ་སྤུ་བཤུད་གཙང་མ་གཏོང་བ་དང་སྐྱི་ལྤགས་དག་པོ་བཤུད་ནས་དྲེག་པ་དང་། ཞག་ཚིལ། རྡུལ་སོགས་གཙང་སེལ་བྱས་རྗེས་གཡའ་མི་རྒྱག་པའི་སྣོད་དུ་རོབ་ཙམ་བཙོས་ནས་ཁུ་བ་ཕུད་རྗེས། སླར་ཡང་སྣོད་གཙང་མའི་ནང་དུ་ཀོ་བ་མ་བཞུར་བར་གདུས་ནས་ཁུ་བ་རུ་གྱུར་ནས་ཧྲེང་པོར་གྱུར་རྗེས་སྐེམ་དགོས་པ་དེ་ཡིན་ཞིང་། བརྒྱུད་རིམ་དེའི་ནང་ཐལ་རྡུལ་རྩ་བ་ནས་མི་འཛུལ་བ་བྱ་དགོས།
རྭ་སྤྱིན་ནི་རྭ་སྙིང་བཏོན་རྗེས་ཧྲོབ་ཙམ་བརྡུངས་ནས་བཙོ་བ་དང་ཁུ་བ་དོར་བཞིན་འདམ་པ་ལྟར་མ་གྱུར་བར་དུ་གདུས་རྗེས་སྐེམ་དགོས། ཀོ་སྤྱིན་དང་རྭ་སྤྱིན་གཉིས་ཀྱི་ཁྱད་པར་ནི་ཀོ་སྤྱིན་ཕོན་ཆེ་ལ་བཙོ་སླ་བ་དང་དྭངས་ཚད་ཅུང་ཟད་ཞན། རྭ་སྤྱིན་ནི་འཚོས་ཁག་ལ་ཕོན་ཆུང་བ་དང་དེ་ཙམ་མཉེན་པོ་མེད་རུང་ཚི་ཆེན་པོ་ཡོད་པར་གྲགས། འོན་ཀྱང་ཁ་ཚ་དགོས་གཏུགས་ཀྱི་སྐབས་སུ་ཐབས་ཤེས་ཡོད་པ་ཡིན་ཏེ། ཀོ་ལྤགས་དང་རྭ་ཅོ་གང་རུང་ཞིབ་ཙམ་བརྡུངས་པའམ་བཏུབས་རྗེས་བཙོས་ནས་ཡོངས་སུ་མ་བཞུར་ཙམ་དུ་བླངས་ནས་ཤིང་གི་ཐོ་བས་རྡོ་གཏུན་དུ་བརྡུངས་མཐར་བཙོ་བ་དང་སྙིགས་མ་རྣམས་ཚགས་བརྒྱབ་རྗེས་གོང་ལྟར་བྱས་ན་ཆོག་པ་ཡིན། ཡིད་གཟབ་བྱ་དགོས་པའི་གནས་ནི་ཐོག་མཐའ་བར་གསུམ་སུ་ལྷད་མི་ཞུགས་པ་གཙོ་བོར་བྱ་རྒྱུ་དེ་ཡིན་ནོ།
ཞ་ཉེའི་འབྱུང་བ།
ཞ་ཉེ་ནི་རྡོ་རིགས་མི་འདྲ་བ་གསུམ་ལས་བྱུང་ཞིང་། ཡོངས་གྲགས་སུ་ཐལ་གདན་དང་ཞ་རྡོ་ཡང་ཟེར། དེ་ནི་ས་འོག་གི་རྡོ་སྔོན་པོ་དང་ལྗང་སེར་ཧ་ཅང་ལྕི་བ་ཞིག་ཡོད་པ་དེ་བཞུར་བའི་ཁུ་བ་ལས་བྱུང་བ་ཞིག་སྟེ། བོད་ཀྱི་ས་གནས་མང་པོར་ཡོད་པ་དང་ཚང་མས་ཤེས་པར་སླ། དེ་ལ་རྡོའི་ཚོས་གཞི་མི་འདྲ་བའི་དབང་གིས་དཀར་ནག་གཉིས་བྱུང་ཞིང་། བོད་མདའི་མདེའུ་བཟོ་བྱེད་སོགས་ལ་ཁྱད་པར་ཆེར་མེད་རུང་། རི་མོའི་བརྐོས་གདན་དང་བུམ་པའི་མཆུ་སོགས་བཟོ་སྐབས་ནག་པོ་ཁོ་ན་མཉེན་ཞིང་མཆོག་ཏུ་བཟང་བར་བརྩི། དེ་མིན་གཤའ་དང་འདྲ་བའི་ལྕགས་རིགས་ལ་དཀར་གཡའ་བྱུག་པ་དང་གྲང་ཚ་རྒྱག་བྱེད་དུ་སྤྱད་ཀྱང་རུང་། ཡང་མ་བཞུ་བའི་ཞ་རྡོ་ནི་རྫ་མཁན་གྱིས་རྫ་ཆས་ལ་རྫ་རྩི་གཏོང་ཆེད་དུ་སྤྱོད་ཀྱི་ཡོད་ཅིང་། ལྷག་པར་གཡུ་དང་འདྲ་བའི་ཚོན་མདོག་འོད་མདངས་འཚེར་བ་དེ་བྱུགས་ན། རྫ་ཆས་དེ་རིགས་ལ་གཡུ་རྩི་ཅན་ནམ་གཡུ་རྩི་མ་ཞེས་རྫ་ཆས་ལེགས་ཤོས་སུ་བརྩི།
ཏི་ཚའི་སྤྱོད་གོ
ཏི་ཚའི་མིང་གཞན་ལ་སྔོ་ཆོག་ཀྱང་ཟེར་ཞིང་། རྡོ་རིགས་གཉིས་བཞུར་བ་ལས་བྱུང་བར་གྲགས་པ་དང་། ཁ་དོག་དངུལ་དང་འདྲ་ལ་ལག་པར་བརྡར་ན་གཡའ་མི་བྱུང་ཞིང་། སོ་བརྒྱབ་ན་སེག་སྒྲ་འབྱིན། སོལ་བའི་མེར་བསྲེགས་ན་དུད་པ་སྔོ་སེར་བྱུང་བ་དང་རིམ་གྱིས་ཡལ་འགྲོ་གི་ཡོད་ཅིང་། དེ་ནི་ཚ་ལ་སྦྱོར་ཆེད་ཀྱི་ཏི་ཚ་དཀར་པོ་ཞེས་པ་དེ་ཡིན་པས་མགར་བར་མེད་ཐབས་མེད་པ་ཞིག་རེད། དེའི་ཐོན་ཁུངས་གཙོ་བོ་ནི་སྟོད་ནས་བྱུང་བའི་ལེབ་མོ་པ་ཊའི་དབྱིབས་ལྟ་བུ་དང་། སྨད་ནས་བྱུང་བའི་གར་བུར་ཅོང་ཞི་འདྲ་བ་ལ་བཅད་ཤུལ་ལྟ་བུ་ཡོད་པ་སྟེ། སྤྱིར་དེ་གཉིས་ཀའི་ཡོན་ཏན་དང་ནུས་པར་ཁྱད་པར་ཆེན་པོ་མེད་ཀྱང་། ཚ་ལ་སྦྱོར་ཆེད་ཡིན་ན་སྔ་མ་བཞུ་སླ་བས་ཅུང་བཟང་བར་བརྩི་བ་དང་ཕྱི་མ་དཀར་ཤས་ཆེ་བས་ཟངས་རག་ལ་སྤྱོད་སྐབས་ལེགས་པར་བརྩི། དེ་སྔ་བོད་དུ་ཏི་ཚ་དཀར་པོ་ཅུང་དཀོན་པས་བཟོ་བ་ཚོས་ཅུང་རྩ་ཆེར་བརྩི་གི་ཡོད། ཏི་ཚ་ནི་གཞན་གྱིས་ཚབ་བྱེད་ཐབས་མེད་པའི་རང་བྱུང་ཐོན་རྫས་ཤིག་ཡིན་སྟབས། དེང་སང་གི་གློག་བཞུའི་མེ་རྫས་ཀྱི་ཕྱི་སྐོགས་མང་ཆེ་བ་ཡང་ཏི་ཚ་ཡིན་ལ་དེ་དག་ལྷད་གདོན་ལེགས་པར་བྱས་ན་ཚ་ལ་གཏོང་ཆེད་དུ་སྤྱོད་ཆོག 
པྲ་རྩིའི་ལག་ལེན།
པྲ་རྩི་བཟོ་སྐབས་ཟར་སྣུམ་དཀར་ཡོལ་འབྲིང་ཙམ་མ་ཚིག་པ་བྱས་ཏེ་དལ་བུས་བསྐོལ་ནས་གྲང་རྗེས་སྤོས་དཀར་དང་ཤུག་པའི་ཚི་བ་ཐུར་མ་ཆེན་པོ་རེ་དང་ཚལ་བསྲེག་གི་ཐལ་ཅུང་ཟད་བཏབ་ནས་ཡུན་རིང་བསྐོལ་རྗེས་ཟར་ཆུ་དང་འདྲེས་ན་འཚོས་པ་ཡིན་པས། དེའི་གཤེར་ཁུ་ནི་པྲ་རྩི་རེད། པྲ་རྩི་བྱུག་སྐབས་ཞག་ཚིལ་མེད་པ་བཟོ་བ་དང་རྡུལ་ཕྱིས་གཙང་མ་བརྒྱབ་ནས་སྐྱོབ་བྱུག་དགོས་ཤིང་། དེའི་བཟང་ངན་སྐྱོབ་ལ་རག་ལས་པས། སྐྱོབ་ནི་སྤྱིན་བཟང་གི་དྭངས་མ་སླ་བོ་སྙིགས་མེད་པ་དག་གས་ཆག་བྱུང་སར་ཤིང་བུས་ཡང་ཡང་དཀྲུགས་ནས་ཆུ་ལྟར་གྱུར་པ་དག་པིར་སྦོམ་པོས་ཁྱབ་ངེས་བྱུགས་ཏེ་རྡུལ་མེད་པ་ཞག་གཅིག་བཞག་ན་ནང་བར་སྐམ་པ་དང་དེའི་སྟེང་གླ་ཤུན་ཆུར་བཀྲུས་ཏེ་དྲི་མེད་རློན་པས་པྲ་རྩི་སྙོམས་པར་བྱུགས་ནས་མཉེད་འཕུར་སྙོམས་པར་བྱ་དགོས་ལ། དང་པོ་རོབ་ཙམ་བྱུག་པ་དང་དེ་རྗེས་ཁྱབ་ངེས་བྱུག་དགོས། འོན་ཀྱང་མཐུག་དྲགས་ན་བསྐམས་ནས་བུར་འོང་བ་དང་སྲབ་དྲགས་ན་འོད་མདངས་མི་དོན་པས་རན་པོ་བྱུག་རྒྱུ་ནི་གནས་ཀྱི་དམ་པ་རེད། གཞན་ཡང་དངོས་པོ་ཆེས་ཆུང་གྲས་ལ་པྲ་རྩི་བྱུག་སྐབས་ལག་པ་གཙང་མར་བཀྲུས་ནས་སོར་མོས་བྱུག་ཀྱང་རུང་། དེ་རྗེས་རྡུལ་མེད་པ་དང་ཉི་འོད་མི་ཕོག་པའི་སར་སྒོ་སྒེའུ་ཁུང་བརྒྱབ་ནས་ཞག་གསུམ་མམ་བདུན་འཇོག་དགོས།
ལ་ཆ་བཟོ་ཐབས།
ལ་ཆ་དཀར་པོ་མེ་མ་ཕྲད་པ་ཉུང་ཀར་ཙམ་བརྡུངས། རས་ཁུག་དཀར་པོ་དྲི་མེད་ནང་བླུགས་ལ་ཆུ་འཁོར་གྱི་རྦ་ལ་སོགས་ཤིང་ལ་ཆུ་དྲག་པོ་འབབ་སར་ཞག་ལྔ་དྲུག་ཙམ་བཏགས་ནས་ཟུར་བཞིར་སྐུད་པས་བརྒྱངས་ཏེ་བཞག་ན་ཚོས་ཁུ་དོན་ནས་ཤིན་ཏུ་དྭངས་མ་འོང་། དེ་རྗེས་སྣོད་ནས་ཕྱུངས་ལ་ཁྲོ་དཀར་རམ་རྫ་སྣུམ་དྲེག་མེད་པའི་ནང་དུ་ཆུ་གཙང་བླུགས་ཏེ་ཚ་བོར་བཏབ་ནས་མེ་ཅུང་ཟད་བཏང་ན། ལ་ཆ་དྲོས་ནས་ཆུ་ཡི་སྟེང་དུ་ཁ་ཞག་ལྟར་ཐོན་འོང་བ་དེའི་སྟེང་དུ་ཚ་ལ་གསུམ་ཆ་གཉིས་དང་། ཚ་ལའི་དབུ་བ་གསུམ་ཆ། བྱང་བུ་ལ་དཀར་པོ་གསུམ་ཆ་རྣམས་ཞིབ་བཏགས་བྱས་པའི་ཕྱེ་མ་སྙོམས་པར་བཀྲམ་ལ། རྫ་མའི་འོག་ནས་མེ་བཏང་ན་ལ་ཆུ་སྔོ་ཐིང་ངེར་བཞུར་འགྲོ། དེ་རྗེས་སྣོད་ལས་ཕྱུངས་ཏེ་རྫ་ཀོ་དྲི་མེད་དམ་རྡོ་སྣོད་ནང་བླུགས་ཏེ་ཉི་མར་བསྲོ་ལ་ཆུ་ཏོག་ཙམ་རེ་བླུགས་ནས་ཁ་བཅད་དེ་བསིལ་སར་བཞག་ན་ཡུན་རིང་ཉར་ཚགས་བྱེད་ཐུབ། དེ་གང་ལ་བླུགས་རུང་པྲ་རྩི་དང་ཆ་འདྲ་བའི་ནུས་པ་ཡོད་པར་གྲགས། གལ་སྲིད་གློ་བུར་དུ་ལ་ཆུ་དགོས་པ་བྱུང་ན། ལ་ཆ་ཞིབ་རྡུང་ཆུ་ལ་བཙོས་པའི་ཁུ་བ་སྨུག་པོ་ཡང་ཡང་འདོན། དེ་རྗེས་གོང་བཞིན་རྫས་རྣམས་བཏབ་སྟེ་བཞུར་ན་ཡང་ཆོག་པར་བཤད་དོ།
འབེར་བཟོ་བའི་ལག་རྒྱུན།
འབེར་གྱི་འབོད་ཚུལ་གཞན་ལ་རྨང་ཡང་ཟེར་བ་དང་དེ་སྔ་རྒྱན་ཆ་སོགས་ལ་ཕྲ་རྒྱན་སྦྱར་ཆེད་ཀྱི་རྒྱུ་ཆ་གཙོ་བོ་ཡིན་ཞིང་། མགར་གྱི་བསྟན་བཅོས་སོགས་ལས་བསྟན་པར་གཞིགས་ན། དེའི་རྒྱུ་ཆ་ནི་ཤིང་གི་ཐང་ཆུའམ་ཚི་ལས་བཟོས་པ་ཞིག་རེད། དེ་ལ་རྒྱུ་ཆའི་ཁྱད་པར་དང་ལས་སྣོན་བྱ་ཐབས་ཐད་ཤོད་ཚུལ་མང་རུང་ཉེ་རབས་སུ་བེད་སྤྱོད་བྱ་ཚུལ་ཁག་གཉིས་ཡོད་པ་སྟེ།
གཅིག་ནི་སྤོས་དཀར་གྱི་འབེར་ཡིན་ཞིང་། སྤོས་དཀར་ལྷད་མེད་ལ་དེའི་ལྗིད་ཚད་དང་མཉམ་པའམ་ཡང་ན་དེ་ལས་ཉུང་ཙམ་གྱི་འབྲི་མར་བསྲེས་ཏེ་ལྕགས་སྣོད་ནང་བཞུར་བའི་ཁར། དུ་དྲེག་སོགས་ཀྱི་མ་གོས་པའི་རྫ་གསར་གྱི་ཆག་དུམ་ཞིབ་བཏགས་བྱས་པའི་ཕྱེ་མ་སེང་རས་ཀྱིས་ཚགས་བརྒྱབ་པ་འོས་འཚམ་བླུགས་ཏེ་མེ་ཆུང་ངུས་སྐོལ་བ་དང་། ལྕགས་ཐུར་གྱིས་ཡང་ཡང་དཀྲུགས་ཏེ་དབྱེར་མེད་དུ་འབྲེལ་རྗེས་ཤིང་གདན་ལ་སྦྱར་ན་འགྲིག་པར་བཤད། དེ་ཡང་སྤོས་དཀར་ལེགས་པར་མར་ཉུང་ཙམ་དང་རྫ་ཕྱེ་མང་ཙམ་བསྲེ་དགོས་ལ། སྤུས་ཚད་ཞན་པའི་སྤོས་དཀར་ལ་མར་མང་ཙམ་དང་རྫ་ཕྱེ་ཉུང་ཙམ་སྦྱོར་དགོས་ཤིང་། མར་དང་མཉམ་དུ་བཞུར་ཆོག་པ་དང་དེ་གཉིས་ལེགས་པར་འདྲེས་རྗེས་རྫ་ཕྱེ་བླུགས་ནས་དཀྲུགས་ན་འགྲིག
གཉིས་ནི་ཐང་ཤིང་གི་འབེར་ཡིན་ཞིང་། དེ་ཡང་ཐང་ཤིང་ངམ་གསོམ་ཤིང་གི་ཐང་ཆུ་ལ་ཚིལ་ཞག་ཕྲན་བུ་བསྲེས་པའི་ཐོག་ཁང་རྙིང་གི་དུ་བ་རལ་བ་དང་རྫ་སྣོད་ཀྱི་དྲེག་པ་ཚད་དང་མཐུན་པ་བསྲེས་རྗེས་གོང་ལྟར་བཞུ་བཞིན་དུ་དཀྲུགས་ནས་འདྲེས་རྗེས་ཤིང་གདན་ལ་སྦྱར་ན་འགྲིག སྤོས་དཀར་དང་ཐང་ཆུའི་འབེར་གང་འདྲ་ཞིག་ཡིན་རུང་ཉི་མས་བཞུ་མི་ཐུབ་པར་མེ་ལ་བསྲོས་ན་ལམ་སེང་བཞུ་ཐུབ་ལ། དེའི་སྤུས་ཚད་དམ་རན་པའི་ཁྱད་ཆོས་གཙོ་བོ་ནི་དགུན་ཁ་གྲང་ངར་ཤིན་ཏུ་ཆེ་བའི་ནམ་དུས་སུ་ཐོ་བ་སོགས་ཀྱིས་བརྡུངས་ཀྱང་གས་འཐོར་འགྲོ་གི་མེད།
སྟབས་བདེའི་འབེར་བཟོ་ཐབས་གཞན་ཞིག་ནི། ཐང་ཚིལ་རྒྱ་མ་གང་དང་ཕྱེད་རེར་ལ་ཆ་རྒྱ་ཕྱེད་བསྲེས་ཏེ་རྫ་མའི་ནང་བླུགས་པ་དང་མར་དང་ཚིལ་ཞག་གང་རུང་ཕྲན་བུ་བཏབ་སྟེ་མེ་ཆུང་ངུས་བཞུར་བའི་ཐོག་ཁང་བའི་དུ་རྒན་གྱི་ཕྱེ་མ་དང་། ཁམ་པ། སྤྱིན་པོ། ཐུར་སྣེ་རྣམས་བཏབ་སྟེ་དཀྲུགས་པས་འདྲེས་ན་གྲང་དུ་བཅུག་ན་འགྲིག གལ་ཏེ་མཉེན་ཆེ་ན་ལ་ཆ་བསྣན་པ་དང་སྣ་ཐུང་ན་ཐང་ཆུ་བསྣན་ན་འགྲིག དེ་མིན་ཤུག་པ་སོགས་ཤིང་གཞན་གྱི་ཐང་ཆུའམ་ཤིང་ཚིལ་སོགས་ཀྱིས་འབེར་བཟོ་ཆོག་རུང་སྤུས་ཚད་ཞན་པར་བརྩི་གི་ཡོད།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།